Change Language

འབྲེལ་གཏུག :
contact@khatakarpo-tibet.org
 

ཁ་བཏགས་དཀར་པོ་ཚོགས་པ།

ཁ་བཏགས་དཀར་པོའི་དམིགས་ཡུལ།

སྤྱིར་སྐྱབས་བཅོལ་བ་ཞིག་ཡིན་ཕྱིན་རང་ཉིད་ཀྱི་རྒྱབ་ཏུ་བསྐྱུར་ཟིན་པའི་རང་གི་རིག་གཞུང་དེར་གཅེས་འཛིན་བྱ་རྒྱུའི་འདུན་པ་བརྟན་པོ་ཞིག་ཡོད་ལ། དེ་དང་ཕྱོགས་མཚུངས་དེང་ཕྱིན་མི་ཚེའི་ལམ་བུ་གསར་དུ་སྙེགས་ཡུལ་གྱི་གནས་ཚང་རྒྱལ་ཁབ་ཀྱི་རིག་གཞུང་ནང་མཉམ་གནས་ལེགས་པོ་ཞིག་ཡོང་རྒྱུར་འབད་པ་དོ་མཉམ་ཞིག་ཡོང་རྒྱུའི་རེ་བ་འཆང་གི་ཡོད། བོད་པ་ཚོར་མཚོན་ན་གནད་དོན་དེ་ནི་དམིགས་བསལ་གྱི་ཛ་དྲག་དང་བློ་འཚབ་བྱ་ཡུལ་གྱི་གལ་ཆེ་དོན་ཆེན་ཞིག་ལ་གྱུར་ཡོད།

ཕྱོགས་གཅིག་ནས་ཁོང་ཚོས་རང་གི་རིག་གཞུང་དང་སྐད་ཡིག་ལ་ལྷག་བསམ་གཟོལ་མེད་ཀྱི་དགའ་ཞེན་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་དེ་ནི་ཡིད་སྨོན་སྐྱེ་དགོས་པ་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས། རང་གི་ཕ་ས་ཕ་ཡུལ་བོད་ནང་དུ་ཆ་བཞག་ནའང། གཞི་ལུས་བོད་མི་རྣམས་རང་ཉིད་ཀྱི་རྒྱལ་ཁབ་ནང་གནས་ཡོད་རུང་། རང་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་རྩ་ཆེར་འཛིན་ཡུལ་གྱི་སྐད་ཡིག་དང་རིག་གཞུང་རྣམས་སྲུང་སྐྱོབ་བྱེད་པ་དང་དེ་རྣམས་དར་སྤེལ་གཏོང་པའི་ཁོར་ཡུག་རྩ་བ་ནས་མེད་པ་དེ་ཕྱི་སྡོད་བོད་མི་ཚོས་གསལ་པོ་ཤེས་ཀྱི་ཡོད།

དོན་དངོས་ཐོག རྒྱ་གཞུང་ལ་མཚོན་ན་བོད་དང་འབྲེལ་བའི་ (དཔལ་འབྱོར། ཆབ་སྲིད། ཆོས་ལུགས། སྐད་བརྡ་རིག་པ། རིག་གཞུང་། ཁོར་ཡུག་སོགས་གཙོ་གྲས་ཁག་ཅིག་དཔེར་བླངས་ན།) དེ་དག་ནི་སྲིད་བྱུས་གལ་གནད་ཀྱི་བང་རིམ་ནང་ནས་མཐའ་མའི་མཐའ་མར་འཇོག་བྱེད་ཀྱི་གནད་དོན་ཞིག་ལ་གྱུར་ཡོད། དེར་རྟེན་བོད་ཀྱི་རིག་གཞུང་དང་སྐད་ཡིག་ནི་དམ་བསྒྲགས་ཀྱི་སྒྲོམ་གཞིའི་ནང་བཅུག་ཡོད་པ་དང་། བཀག་སྡོམ་བྱ་ཡུལ་དང་རྒྱ་ནག་གཞུང་གི་ལག་ཆ་ལྟ་བུར་སྤྱོད་ཀྱི་ཡོད།

རྒྱ་ནག་གཞུང་ལ་མཚོན་ན་བོད་ལྟ་བུའི་གྲངས་ཉུང་མི་རིགས་ལ་བརྩི་བའི་མི་རིགས་དེ་དག་ལ་སྨྲ་བརྗོད་ཀྱི་རང་དབང་གུ་ཡངས་དྲགས་ན་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་དོ་ཕོག་གཏོང་བའི་ཉེན་ཁ་ཡོད་པར་བརྗོད་ནས་དོགས་གཟོན་བྱེད་ཀྱི་ཡོད།

བོད་ཀྱི་སྐད་ཡིག་གི་གནས་སྟངས་ལ་ཆ་བཞག་ན། བོད་པའི་ཕྲུ་གུ་རྣམས་ལོ་ན་ཧ་ཅང་ཆུང་ཆུང་དུས་ནས་སློབ་གྲྭའི་ནང་རྒྱ་སྐད་སྦྱོང་དགོས་པ་དང་དེ་བཞིན་ཉིན་རེའི་འཚོ་བའི་ཁྲོད་དུ་གསར་འགྱུར་རྒྱུད་ལམ་ལ་སོགས་པའི་ནང་རྒྱའི་སྐད་ཡིག་གི་འགྲན་རྩོད་ཀྱི་ཚ་རླབས་ཤུགས་ཆེན་ཞིག་ཕྱུར་བཞིན་ཡོད་མིན་ལ་མ་ལྟོས་པར་བོད་མི་ཚོའི་སྙིང་སྟོབས་བརྟན་པོར་བརྟེན་ནས་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་དེས་སྐད་ཡིག་གི་བཙན་འཛུལ་ལ་འགོག་རྒོལ་ནན་པོ་ཞིག་བྱེད་དང་བྱེད་མུས་ཡིན།

དེར་རྟེན་ང་ཚོས་དུས་ད་ལྟ་ནས་བཟུང་། ཧྥ་རན་སིར་གནས་སྡོད་ཀྱི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་བློ་འཚབ་བྱ་ཡུལ་གྱི་གནད་དོན་དེའི་ཐད་ཐབས་ལམ་བཙལ་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་དགོས།

ཧྥ་རན་སིར་གནས་སྡོད་བོད་མི་རྣམས་ཀྱི་གྲངས་འབོར་ཉུང་ཉུང་ (ཁྲི་གཅིག་ལས་ཉུང་བ།) ཡིན་མིན་ལ་མ་ལྟོས་པར་ཁོང་ཚོ་ནི་མི་རིགས་སྤྱི་ཡི་ངོ་ཚབ་མཚོན་མཁན་ཞིག་དང་རང་ཉིད་ཀྱི་ཕ་ས་ཕ་ཡུལ་ལ་ཡིན་རུང་ཆག་འཇིག་གི་གནས་ལ་གྱར་བའི་སྐད་ཡིག་དང་རིག་གཞུང་དེ་སྲུང་སྐྱོབ་བྱ་རྒྱུའི་འགན་ཁྲི་ཉག་ཅིག་ཕྲག་ཐོག་ཏུ་ལྷུང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཁོང་ཚོས་རང་ནུས་ཅི་ལྕོག་གིས་རིག་གཞུང་ཉམས་ལེན་བྱེད་པ་དང་། དེ་དང་འབྲེལ་བའི་བྱེད་སྒོ་ཅི་རིགས་སྤེལ་བ། དེ་བཞིན་དུས་ཆེན་སྲུང་བརྩི་ཞུ་བ་སོགས་བྱེད་ཀྱི་ཡོད། དཔེར་ན། དུས་ནས་དུས་སུ་ཁོང་ཚོས་སྤྲོ་སྐྱིད་སོགས་བཀོང་ཚོགས་བྱས་ནས་བོད་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་བྱེད་ཀྱི་ཡོད་ལ། བོད་ཕྲུག་ཚོར་རེས་གཟའ་ཉི་མ་ནམ་ཡིན་ལ་པཱ་རི་སིར་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༡༨ ཟླ་དང་པོའི་ནང་ཧྥ་བོད་སྐད་ཡིག་གཉིས་ལྡན་གྱི་གསར་ཤོར་ཞིག་དངོས་སུ་འགྲེམ་སྤེལ་བྱས་ཡོད། དེ་དག་ནི་བྱེད་སྒོ་མང་པོ་ནང་ནས་དཔེ་མཚོན་ཙམ་ཞིག་ཞུས་པ་ལགས།

དེ་དང་དུས་མཚུངས། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉར་ཚགས་དང་རྒྱུད་འཛིན་བྱ་རྒྱུའི་བྱ་བཞག་དེ་ལེགས་གྲུབ་ཡོང་དགོས་ན་ངེས་པར་དུ་གནས་ཚང་རྒྱལ་ཁབ་ཧྥ་རན་སིའི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གཞུང་། ཆབ་སྲིད་བཅས་ལ་རྒྱུས་མངའ་ཡག་པོ་ལོན་ནས་མཉམ་གནས་ལེགས་པོ་ཡོང་དགོས་པ་དེ་གལ་ཆེན་ཡིན་པ་ནི་བོད་མི་ཚོས་མཁྱེན་གསལ་ཡིན།

སྐྱབས་བཅོལ་བ་སྤྱི་མཚུངས་བཞིན་ཁོང་ཚོས་ཧྥ་སྐད་སློབ་སྦྱོང་བྱེད་པ་དང་ལས་འཚོལ་ལས་ཁུངས་ (Pôle Emploi) ནས་གོ་སྒྲིག་ཞུས་པའི་ལས་ཀའི་སྦྱོང་བརྡར་ལ་འགྲོ་བ་སོགས་བྱེད་ཀྱི་ཡོད་རུང་། ང་ཚོས་ལས་སླ་པོར་རྟོགས་ཐུབ་པ་ཞིག་ནི། གཅིག་ནས་བྱེད་སྒོ་དེ་རིགས་མང་པོ་མེད་པ་མ་ཟད། གཉིས་ནས་དེ་དག་གི་སྤུས་ཚད་ཀྱང་དོ་མཉམ་པ་ཞིག་མེད། དེར་རྟེན་དཀའ་ངལ་དེ་དག་སེལ་རྒྱུར་དམིགས་ནས་ཁ་བཏགས་དཀར་པོ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དེ་གསར་འཛུགས་ཞུས། དེའི་དམིགས་ཡུལ་མང་པོ་ཡོད་པའི་ནང་ནས་གཙོ་གྲས་ཁག་ཅིག་ནི་བོད་མི་ཚོར་ཧྥ་སྐད་སློབ་ཚན་གོ་སྒྲིག་ཞུ་རྒྱུ་དང་། ཧྥ་རན་སིའི་མིར་བོད་ཡིག་སློབ་ཁྲིད་བྱ་རྒྱུ་དང་། བོད་པའི་གཞོན་སྐྱེས་ནང་ཁུལ་རྩེད་རིགས་འགྲན་བསྡུར་གོ་སྒྲིག་ཞུ་རྒྱུ། རིག་གཞུང་དང་འབྲེལ་བའི་ལྟ་སྐོར་གོ་སྒྲིག་ཞུ་རྒྱུ། ཁྲིམས་ལུགས་ཀྱི་ཟབ་སྦྱོང་སྤྲོད་རྒྱུ་བཅས་ཡིན། དེ་ཡང་ཚོགས་པ་དེ་ནི་བོད་མི་དང་ཕྱི་རྒྱལ་མི་རིགས་གཉིས་ཀྱི་གྲངས་འབོར་གཅིག་མཚུངས་མགོ་ནས་གྲུབ་ཡོད་སྟབས། མི་རིགས་གཉིས་དབར་རིག་གཞུང་དང་སྐད་ཡིག་གི་ལས་འཆར་གྱི་ཆེད་འདུ་འཛོམས་དང་བསམ་ཚུལ་བརྗེ་རེས་བྱ་རྒྱུར་ཕན་ཐོག་ཡོང་གི་ཡོད།

ཚོགས་པ་གསར་འཛུགས་ཞུས་ནས་ལོ་ངོ་གསུམ་ལྷག་ཕྱིན་པའི་རིང་། དཔལ་འབྱོར་གྱི་གནས་བབ་གཞན་མིན་ལ་མ་ལྟོས་པར། ཧྥ་རན་སིར་གནས་སྡོད་བོད་མི་མི་ཉུང་བ་ཞིག་ལ་རོགས་རམ་བྱ་ཐུབ་པ་བྱུང་ཡོད། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐོར་ལ་སློབ་གཉེར་གནང་འདོད་ཡོད་པའི་གནས་ཚང་ཡུལ་མི་རྣམས་ལ་བོད་མི་རང་ངོས་ནས་མཐུན་རྐྱེན་གྱི་ཟམ་པ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། བོད་མི་སྐྱབས་བཅོལ་བ་རྣམས་ལ་ཕན་ཐོག་ཡོད་པ་དང་གནས་ཡུལ་སྤྱིའི་ཚོགས་སྤྱི་ལ་ཕན་པའི་ཚོགས་པའི་ལས་འཆར་མང་པོ་ཞིག་ནི་མ་འོངས་པའི་དུས་ཚོད་ཅིག་གི་ནང་ལ་མ་གཏོགས་ལེགས་གྲུབ་ཡོང་དཀའ་བ་ཡིན། དོན་དངོས་ཐོག འཛམ་གླིང་སྒོ་དབྱེ་དང་གོ་ལ་གཅིག་གྱུར་གྱི་རྣམ་པའི་འོག་གཞི་ཆགས་ས་བརྟན་ཟེར་བ་ནི་རང་གི་ཕ་མེས་ཀྱི་རིག་གཞུང་ལ་བརྩི་བཀུར་གང་ལེགས་བྱས་པའི་ཐོག་མི་རིགས་ཕན་ཚུན་དབར་མཛའ་མཐུན་གྱི་མཉམ་གནས་ལེགས་པོ་ཞིག་ཡོང་དགོས་པ་དེ་ཡིན།། །།

Françoise Robin  བོད་མིང་ཆོས་ཉིད་དབང་མོ།

Professeure des universités - Langue et littérature tibétaines བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན་ཆེན་མོ།

Responsable de la section Tibet à l'Inalco.

INALCO

Search